Thursday 27 February 2014

དགུན་ཚོར།

            <<དགུན་ཚོར།>>


དགུན་ཁའི་ས་སྲོད་ཀྱི་མུན་ནག་ཁྲོད།
རང་ཉིད་གཅིག་པུར་ནམ་མཁར་ལྟ་བཞིན།
སྣང་མེད་ངང་གོམ་པ་རེ་རེ་སྤོ་དུས།
རྒྱང་རིང་ནས་སྐར་མ་ཆུང་ཆུང་དེའི།
སྙོམ་ཆུང་གི་ལག་ཟུང་གྲང་མོས་སེམས་པར་འཁྱུད་པས།
ངས་གློད་མ་ཐུབ།
འོན་ཀྱང་ང་ནི་སེམས་པར་རྡོ་གྲང་མོ་ཞིག་གླན་ཏེ་འགྲོ་ལམ་ལ་ཆས་ཡོད།
གྲང་རླུང་ཤུར་ཤུར་དུ་རྒྱུ་སའི་ལམ་ཁ་དེ་ནས་
ཁྱོད་ཀྱིས་སྙོམ་དུངས་དུངས་ཀྱིས་མགོ་བོ་སྒུར་སྟངས་དེས།
བྲང་གར་ཆུ་གྲང་མོ་འཁྱོར་བ་གང་བཤོས་བྱུང་།
ནམ་ཟླ་གྲང་མོ།
འགྲོ་ལམ་གྲང་མོ།
ཚོར་བའི་གཤེར་ཁུ་གྲང་མོ།
སེམས་པ་གྲང་མོ།
གྱོན་གོས་གྲང་མོ།
འདི་ལྟར་སང་ཉིན་གྱི་ཉི་ཟླ་སྐར་གསུམ་གྱི་འོད་ཀྱང་གྲང་མོ་ཡིན་ངེས།
ངོ་མ།
འདི་ནི་ནམ་ཟླ་གྲང་བའི་དགུན་དུས་དེ་ཡིན་ནམ།
       2013ཟླ་11ཚེས22ཏེ་ལོ་ཕྱེད་ཡིག་རྒྱུགས་མ་སླེབ་སྔོན་གྱི་ས་སྲོད་དུ་འཆམ་འཆམ་ཕྱིན་པའི་ཚོར་བ་ཡིག་ཐོག་ཏུ་ཕབ།




Saturday 22 February 2014

སེམས་པར་སྦས་པའི་སེམས།

འུ་གཉིས་ཕན་ཚུན་མཐོང་སའི་སུམ་མདོ་དེར།
འདྲིས་ཆ་ཆེ་བའི་མིག་ཟུང་གི་ངོ་ཚ་དང་སྐྱོ་སྣང་འདྲེས་མ་ཕན་ཚུན་འཕྲད་ཀྱང་།
ངས་རང་གི་མདུན་ལམ་ལ་ལྟ་མདོག་གིས་ཤུགས་གླུ་ཞིག་ལེན་བཞིན་ཆས།
ཁྱེད་ཀྱིས་ཀྱང་སུ་ཞིག་ལ་སྒུག་པའི་ངང་ཚུལ་ཞིག་བཟུང་ནས་ངའི་མདུན་ལམ་གྱི་ལྡོག་ཕྱོགས་སུ་ཅེར་འདུག

 གཞན་གྱི་མིག་ལམ་ན་འུ་གཉིས་མ་ཐུག
གཞན་གྱི་རྣ་ལམ་ན་འུ་གཉིས་མ་བསྒྲགས།

འོན་ཀྱང་ངའི་སྐྲ་ལོ་རྒྱབ་ཕྱོགས་སུ་དེད་པའི་རླུང་བུ་དེས།
དུང་ཞེན་འདི་དྲི་བསུང་བཞིན་ཁྱེད་ཕྱོགས་སུ་འཁྱེར།

ངས་གཞན་ཞིག་ལ་ལྟ་ཁུལ་གྱིས་སྐད་ཅིག་མའི་ཁྱེད་ཀྱི་རྒྱབ་གཟུགས་རི་མོར་འབྲི་དུས།
རང་དབང་བྲལ་བའི་ཁྱེད་ཀྱི་སྐྲ་ལོའི་ཉག་མ་རེ་རེའང་གང་ཞིག་གི་ཕྱོགས་སུ་རླུང་བུས་བདས།

ཁྱར་ཁྱོར་གྱི་གོམ་ཁ་འདི་མདུན་ངོས་སུ་བསྲིངས་པའི་ལམ་ཁ་དེར་སྤོ་རུ་ཆུགས།
མ་འོངས་པར་སུམ་མདོ་དེ་རུ་འུ་གཉིས་ཀྱི་སེམས་པའི་རྐང་རྗེས་འཚོལ་དུས་རླུང་བུ་ལགས།
ཁྱེད་ཀྱིས་ཤུལ་མེད་དུ་མ་གཏོང་རོགས།
                           ༢༠༡༤/༢/༢༢ཉིན་བྲིས།

Friday 21 February 2014

སྦྲག་དཔོན།(བསྒྱུར་རྩོམ།)

                                    ༼སྦྲག་དཔོན།༽the post master

 རྩོམ་པ་པོ། རྒྱ་གར་གྱི་ཉེ་རབས་སྙན་ངག་པ་ཆེན་མོ་ཇོ་བོ་ཉི་དབང་མགོན་པོའམ་ཋེ་ཀོར།
               Rabindranath Tagore                                
བསྒྱུར་པ་པོ། དོལ་ངག་དབང་ལྷུན་འགྲུབ།

       སྦྲག་དཔོན་ནི་རང་གི་ཆེས་ཐོག་དང་པོའི་ལས་ཀའི་ཆེད་དུ་ཨུ་ལ་ཡ་པུར་གྲོང་ཚོར་སླེབས། གྲོང་ཚོ་དེ་དཀྱུས་མ་ཞིག་ཡིན་རུང་། དེ་གར་ཁང་བརྩེགས་ཅན་གྱི་རྒྱ་གར་བའི་བཟོ་གྲྭ་ཞིག་ཡོད་ལ་བཟོ་གྲྭའི་འགོ་བ་ཨིན་ཇི་བ་དེས་དཀའ་ལས་གང་མང་བརྒྱབས་ཏེ་གནས་དེར་སྦྲག་ཁང་གསར་པ་ཞིག་ཀྱང་བཙུགས་ཡོད།
         སྦྲག་དཔོན་ནི་གྲོང་ཁྱེར་ཀ་ལ་ཀ་ཏའི་གཞོན་ནུ་ཞིག་ཡིན་པས་འདི་ལྟ་བུའི་གྲོང་གསེབ་ལ་སླེབས་པ་ཐོག་མ་ཡིན།
ཁོའི་ལས་ཁུང་ནི་དཀར་ཆ་གསལ་རྒྱུ་མེད་པའི་རྩྭ་ཐོག་ཅན་གྱི་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་གནས་ཤིང་ལས་ཁུངས་ཀྱི་ཕར་ཕྱོགས་སུ་རྩྭ་སྙིགས་ཀྱི་ཁ་གཡེམ་ཆགས་པའི་རྫིང་བུ་ཆུང་ཆུང་ཞིག་ཡོད་ལ། ཁོ་ར་ཁོར་ཡུག་ཡོངས་རྫོགས་ཤིང་ནགས་ཀྱིས་བསྐོར་ཡོད། བཟོ་གྲྭའི་ལས་བྱེད་པ་དང་གླ་པ་རྣམས་ལ་དུས་ཚོད་སྟོང་པ་ཧ་ཅང་དཀོན་པས་ཤེས་ཡོན་པ་ཞིག་ལ་རན་པའི་སྡོད་གྲོགས་ནི་དེ་གར་མེད། དེ་ལས་གྲོང་ཁྱེར་ཀ་ལ་ཀ་ཏའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཀྱིས་ཁོ་རང་ཉག་ཉོག་ཏུ་བཏང་། འདྲིས་མྱོང་མེད་པའི་ས་ཆ་དེར་ཁོ་ནི་ཁེངས་འདྲེགས་ལྡན་ཞིང་བུ་སུ་དོག་པོར་གྱུར། དེའི་རྐྱེན་གྱིས་སྦྲག་དཔོན་དང་། ས་གནས་ཡུལ་མིའི་དབར་ལ་འབྲེལ་བ་དེ་ཙམ་མེད།
    ཡིན་ནའང་ཁོ་ལ་བསྒྲུབ་དགོས་པའི་ལས་ཀ་མང་པོ་མེད་ཅིང་། མཚམས་རེར་སྙན་ངག་འགའ་འབྲི་ཐབས་བྱེད། ལྗོན་ཤིང་ཚོགས་ཀྱི་ལོ་འདབ་གཡོ་སྟངས་དང་། ནམ་མཁའི་སྤྲིན་པ་རྒྱུ་སྟངས་སོགས་ལ་བལྟས་ཏེ་ཁེར་རྐྱང་གི་མི་ཚེ་སྐྱེལ་བའི་སྐྱིད་སྣང་རྣམས་ཁོས་སྙན་ངག་ཏུ་འགོད་པ་ཡིན། གལ་སྲིད་ཨ་རབ་ཀྱི་གཏམ་རྒྱུད་ནང་གི་མི་སྣ་རྣམ་སྤྲུལ་ཅན་ལྟ་བུ་ཞིག་སླེབས་ཏེ། མཚན་གཅིག་ལ་ལྗང་མདོག་གི་ལྗོན་ཤིང་རྣམས་བཏུབས་ནས་རྒྱ་ལམ་བཟོས་ཤིང་གཡས་གཡོན་དུ་ཁང་བརྩེགས་མཐོ་པོའི་གྲལ་བསྟར་གྱིས་ནམ་མཁའ་བསྒྲིབས་པར་བྱས་པའི་དུས་ཤིག་ཤར་ཚེ་འཆི་མ་གསོན་གྱི་ཕོ་གཞོན་ཡག་པོ་འདི་གསོན་པོར་སྐྱར་ལོག་མི་བྱེད་པ་ལྷས་ཀྱང་ཤེས་ཡོད།
     སྦྲག་དཔོན་ལ་གླ་ཕོགས་ཉུང་ཉུང་ལས་མེད་ལ་ཁོས་སོ་སོའི་ཟ་མ་བཟོ་དགོས་པ་དང་། ཕ་མ་མེད་པའི་གྲོང་གསེབ་ཀྱི་བུ་མོ་ཞིག་གིས་ཁོ་དང་མོ་རང་གི་ཁ་ལ་བཟའ་རྒྱུ་ལྡང་ཙམ་གྱི་དོན་དུ་ནང་ལས་ཙག་ཙིག་རྣམས་ལས་ཀྱི་ཡོད། མོའི་མིང་ར་ཏན་ཡིན་ལ། ལོ་བཅུ་གཉིས་བཅུ་གསུམ་གཡས་གཡོན་དུ་གསོན་ཡོད་པས་ཕལ་ཆེར་ཆང་ས་བརྒྱབས་མེད་པ་འདྲ།
དགོང་མོ་རྟག་པར་གྲོང་ཚོའི་བ་གསོ་ཁང་ནས་དུ་བ་ལིང་ངེར་འཕྱུར་ཞིང་རྩ་ལྡུམ་སེང་ནས་འབུས་སིར་སྒྲ་སྒྲོག་འགོ་འཛུགས་དུས།
   ཐག་རིང་གི་གྲོང་གསེབ་ནས་ར་བཟི་པའི་གཞས་པ་ཁྱུ་ཞིག་གིས་རྔ་དང་སྦུབ་ཆལ་མཉམ་དུ་གླུ་གཞས་འར་སྒྲ་ཚ་པོས་བཏང་ཚེ་མུན་ནག་གི་བར་འཁྱམས་སུ་གཅིག་པུར་ལྡེམ་ལྡེམ་དུ་གཡོ་བའི་ལོ་མར་གཅེར་བའི་སྙན་ངག་པའང་ཅུང་འདར་གསིག་རྒྱག་ཏུ་འཇུག་པ་ཡིན། སྦྲག་དཔོན་ཁང་པའི་ནང་ལ་འཛུལ་ནས་ནང་གི་ཟུར་ཞིག་ཏུ་དེ་ཙམ་གསལ་རྒྱུ་མེད་པའི་མར་མེ་ཞིག་སྤར་ནས་ར་ཏན་ལ་འབོད་ཅིང་། མོས་ཀྱང་འབོད་བརྡ་དེ་ལ་བསྒུགས་ནས་ཟུར་ཞིག་ཏུ་སྡོད་པ་ཡིན། འབོད་ཐེངས་དང་པོར་མོས་མ་གོ་བའི་ཚུལ་བྱེད་ཅིང་། ཐེངས་མ་གཉིས་པར་གཞི་ནས་"ཅི་ཞིག་ཡིན་ནམ་ཨ་ཇོ་ལགས། གང་དགོས་སམ"ཞེས་ལན་སློག་པར་བྱེད། ཁོས་"ཁྱོད་གང་བྱེད་ཀྱིན་ཡོད"ཅེས་འདྲི་དུས་"ང་སོང་ནས་ཐབ་ཚང་དུ་མེ་སྦར་དགོས་"ཞེས་ལན་འདེབས་པར་བྱེད། "ཐབ་ལས་ཅུང་ཙམ་ནས་བྱས་ན་འགྲིག་གི་རེད། དེ་ལས་ངའི་ཐ་མག་འཐེན་བྱེད་ཧུབ་ཀ་གྲ་སྒྲིག་བྱས་ནས་ཤོག"ཅེས་སྐུལ་བ་ཡིན།
    ཅུང་ཙམ་ནས་ལམ་སང་ཧུབ་ཀའི་ཕོར་བ་ལ་ཕུ་འབུད་བཞིན་མོས་ཧུབ་ཀ་ཁྱེར་འོང་ཞིང་སྦྲག་དཔོན་གྱིས་མོའི་ལག་ནས་ལེན་ཞོར་གློ་བུར་དུ་"ཡ། ར་ཏན། ཁྱོད་ཀྱིས་ཨ་མ་དྲན་གྱིན་ཨེ་འདུག"ཅེས་འདྲི་བར་བྱེད། མོ་ལ་མཚོན་ན་དྲན་མི་དྲན་གྱི་གནས་ཚུལ་མང་པོ་ཞིག་ཤོད་རྒྱུ་ཡོད། ཨ་མ་ལས་ཀྱང་ཨ་ཕས་མོར་གཅེས་པ་བྱེད་མྱོང་ཡོད་པས་ཨ་ཕ་ཅུང་ཙམ་དྲན་ཞིང་། ཨ་ཕ་ནི་ཉིན་གང་ལས་ཀར་དཀའ་ལས་བརྒྱབས་ཏེ་དགོང་མོ་ནང་ལ་ལོག་གི་ཡོད་པས་དེ་ལྟ་བུའི་དགོང་མོ་རེ་གཉིས་ཤིག་མོའི་དྲན་ངོས་སུ་གནས་ཡོད། བུ་མོ་ཆུང་ཆུང་དེས་སྦྲག་དཔོན་ལ་འདི་ལྟར་ལབ་གླེང་བྱེད་ཀྱིན་ག་ལེར་སྦྲག་དཔོན་ཕྱོགས་སུ་ནུར་ནས་ཁོའི་རྐང་པའི་འཁྲིས་སུ་སྡོད་པ་ཡིན། ཡང་མོས་རང་གི་ནུ་བོ་ཆུང་ཆུང་ཤིག་ཡོད་པ་དེའང་དྲན་བཞིན་ཡོད། དེ་ཡང་ཧ་ཅང་རྒྱང་རིང་དུ་ཡོལ་ཟིན་པའི་ཆར་དུས་ཀྱི་ཉིན་མོ་ཞིག་ལ་ཁོང་གཉིས་རྫིང་བུ་ཆུང་ཆུང་ཤིག་ཏུ་ཤིང་སྡོང་གི་ཅུག་ཕྲན་གྱིས་ཉ་འཛིན་པའི་རྩེད་མོ་རྩེས་མྱོང་། ཉིན་མོ་དེ་ནི་མོའི་དྲན་ཡུལ་དུ་གནད་དོན་གལ་ཆེན་གཞན་དག་ལས་ཀྱང་ཧ་ཅང་གསལ་ལྷང་ངེར་འཇགས་ཡོད།
   སྦྲག་དཔོན་ཁོ་གཉིས་དབར་གྱི་འདི་ལྟ་བུའི་ལབ་གླེང་རྣམས་སྐབས་རེར་མཚན་གྱི་དུས་ཚོད་ཕྱི་པོ་བར་དུ་བྱུང་པ་ཡིན་པས་སྦྲག་དཔོན་ལ་གཉིད་འཁོར་ནས་དགོང་ཟས་ཀྱང་བཟོ་མི་ཐུབ་པར་གྱུར། དེ་འདྲའི་སྐབས་སུ་མོས་ལམ་སང་བག་ལེབ་འགའ་བརྒྱབས་ནས་ཉིན་དགུང་གི་ཚལ་ལྷག་མཉམ་དུ་བཟས་ཏེ་དགོང་ཟས་དེ་ཙམ་གྱིས་འཐུས་པར་བྱེད།
     རྩ་ཁང་གི་ཟུར་ཤིག་ཏུ་ཤིང་གི་རྐུབ་བཀྱག་དམའ་པོ་དེའི་སྒང་ནས་སྦྲག་དཔོན་གྱིས་རང་གི་གཅུང་པོ་དང་། ཨ་མ། གཅེན་མོ་བཅས་ནང་མིའི་སྐོར་ལ་ཡང་ཡང་གླེང་པ་ཡིན། ཁོའི་སེམས་པར་དྲན་གདུང་སྤྲོད་བྱེད་ཀྱི་ནང་མི་དེ་དག་ཀྱང་ཁོ་རང་ལྟར་སོ་སོར་ཁེར་རྐྱང་ངང་གཞན་ཡུལ་དུ་ཡོད། ཁོས་ཤེས་ཡོན་མེད་པའི་བུ་མོ་དེར་རང་གི་བློ་ངོར་འཁོར་ཚད་ཤོད་པ་མ་ཚད་ཡུལ་དེའི་བཟོ་གྲྭའི་ལས་མི་ཚོར་མ་བཤད་པའི་སྐད་ཆ་རྣམས་ཀྱང་ཤོད་པ་ཡིན། འདི་ལྟར་བྱེད་རྒྱུ་ནི་ཁོའི་གཤིས་ཀར་འཇགས་ཟིན། དུས་ཚོད་བཞུད་ཀྱིན་བཞུད་ཀྱིན་སྦྲག་དཔོན་གྱི་ཨ་མ་དང་། གཅེན་མོ། གཅུང་པོ་བཅས་ནི་བུ་མོ་དེ་ལ་མཚོན་ན་རང་གི་ཁྱིམ་མི་ཡིན་པ་ལྟ་བུའི་འདུ་ཤེས་སྐྱེས་ཤིང་། མོའི་སྣང་ཡུལ་དུ་བསྐྲུན་པའི་སྦྲག་དཔོན་གྱི་ནང་མི་ཚོའི་སྣང་བརྙན་རྣམས་ལ་ཡང་མོས་བརྩེ་བ་འཆང་འགོ་བཙུགས།
     ཉིན་ཞིག་ཉིན་དགུང་ཆར་ཐག་ཆོད་ཙམ་ལ་འཇམ་ཤུར་ཤུར་གྱི་རླུང་བུ་ལྡང་ཞིང་། ཚ་དྲོད་ཆེ་བའི་ཉི་འོད་འོག་གི་རྩ་དང་ལོ་མ་རློན་པའི་དྲི་མ་ནི་ཡོངས་སུ་ངལ་བའི་ས་འཛིན་གྱི་དབུགས་རིང་དྲོན་མོ་ཞིག་ལུས་ལ་རེག་པ་དང་མཚུངས། བྱིའུ་ཞིག་བར་མཚམས་མེད་པར་ཉིན་རྒྱབ་ཀུན་ཏུ་རང་ཉིད་ཀྱི་དཀའ་སྡུག་སྐྱར་བརྗོད་བྱེད་ཀྱིན་རང་བྱུང་ཁམས་ཀྱི་ཚོམས་ཆེན་དུ་བསྐྱོད།
       བསྐབས་དེར་སྦྲག་དཔོན་ལས་རྒྱུ་ཅི་ཡང་མེད། བཀྲུས་མ་ཐག་པའི་ལོ་འདབ་ཚོགས་ཀྱི་ཆེམ་ཆེམ་དུ་འཕྲོ་བའི་འོད་ཟེར་དང་། ཕྱིར་ལོག་བྱེད་ཀྱིན་པའི་ཆར་སྤྲིན་གྱི་ཕུང་པོ་ལྷག་མ་རྣམས་ལ་ལྟ་བཞིན་རང་གིས་རང་ལ་འདི་ལྟར་བསམས། སེམས་ཀྱི་ཉེ་སར་འཇོག་འོས་པའི་དགའ་ཉེའི་རྣམ་ཤེས་ཤིག་འཁྲིས་སུ་ཡོད་ན་ཅི་མ་རུང་། ཁོས་བསམས་པ་དེ་ནི་ཏག་ཏག་བྱིའུ་དེས་ཀྱང་བརྗོད་ཐབས་བྱེད་ཀྱིན་ཡོད། ཤབ་ཤུབ་ཏུ་སྨྲ་བའི་ལོ་འདབ་ཚོགས་ཀྱིས་ཕྱིར་འདོན་པར་འབད་པའི་ཚོར་བ་དེ་ཡང་འདི་ལས་མ་འདས། འོན་ཀྱང་ཁུ་སིམ་པའི་ཉིན་དགུང་གི་ལས་ཀའི་བར་མཚམས་སུ་གླ་ཆ་ཉུང་བའི་གྲོང་ཚོའི་སྦྲག་དཔོན་ལ་དེ་ལྟ་བུའི་བསམ་བློ་འཁོར་གྱི་ཡོད་པ་སུ་གང་གིས་མི་ཤེས་ལ་ཡིད་ཆེས་ཀྱང་མི་བྱེད་པ་ཡིན།
སེའུའི་སྡོང་པོའི་འོག་ཏུ་ལག་རྙོབ་བྱེད་ཀྱིན་ཤིང་ཏོག་སེའུ་མ་ཚོས་པ་བཟའ་རྒྱུར་བྲེལ་པའི་བུ་མོ་ར་ཏན་སྦྲག་སྐྱེལ་འགོ་པས་མཐོང་བ་དང་མོའི་མིང་ནས་བོས། མོ་རང་གི་དགེན་གྱི་གསུང་ཐོས་པ་དང་དབུངས་ཡང་རྔུབ་ལོང་མེད་པར་ལམ་སང་ཁོའི་འགྲམ་དུ་སླེབས་ནས་"ཨ་ཇོ་ལགས་ཀྱིས་ང་བོས་སམ།" ཞེས་སྐད་ཆ་དྲིས། སྦྲག་སྐྱེལ་འགོ་པས"ངས་ཁྱོད་ལ་ཡི་གེ་ཀློག་འདོན་བྱེད་རྒྱུ་བསླབ་དགོས་བསམ་བྱུང"ཞེས་བཤད། ཉིན་རྒྱབ་ཀྱི་དུས་ཚོད་ལྷག་མ་ཡོངས་སུ་ཁོས་མོར་དབྱིན་ཇིའི་གསལ་བྱེད་རྣམས་ཀློག་སྟངས་བསླབས།
   དེ་ལྟར་བྱས་ཏེ་དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་མོས་གསལ་བྱེད་ཉིས་སྡེབས་ཀྱང་སྦྱོར་ཀློག་ཤེས་པར་གྱུར།

ཆར་ཞོད་ཀྱི་ནམ་དུས་ནི་ཕལ་ཆེར་རྫོགས་རྒྱུ་མེད་པ་ལྟར་སྣང་། ཡུར་བ་དང་ལམ་ཟུར་གྱི་ཆུ་ལམ། འོབས་དོང་སོགས་ཡོད་ཚད་ནས་ཆར་ཆུ་ལུད་ཀྱིན་ཡོད། ཉིན་མཚན་མེད་པར་ཆར་པའི་ཤག་སྒྲ་དང་སྦལ་པའི་སྒྲ་བར་མཚམས་མེད་པར་ཐོས་འོང་། གྲོང་ཚོའི་འགྲོ་ལམ་ཀུན་ལ་མི་འགྲོ་མི་ཐུབ་པ་ཆགས་ཤིང་། ཉོ་ཚོང་གི་ལས་ཀ་རྣམས་ཀོ་གྲུ་ལེབ་མོའི་སྟེང་ལ་བྱེད་དགོས་ཐུག་ཡོད།

        སྤྲིན་པ་ཐིབས་པའི་ཞོགས་པ་ཞིག་ལ་སྦྲག་སྐྱེལ་འགོ་པའི་སློབ་མ་ཆུང་ཆུང་དེ་ནི་མོ་རང་ལ་འབོད་བརྡ་བསླེབ་རྒྱུར་སྒོ་རྒྱབ་ཏུ་བསྒུགས་བསྡད་ཡོད། འོན་ཀྱང་ནམ་རྒྱུན་གྱི་འབོད་བརྡ་ཐོས་རྒྱུ་མེད་པས་མོས་རྙིང་ཧྲུལ་དུ་གྱུར་བའི་དཔེ་དེབ་ལག་པར་བཟུང་སྟེ་ག་ལེར་ཁང་པའི་ནང་དུ་འཛུལ། མོའི་དགེན་ནི་ཉལ་ཁྲིའི་ཐོག་ཏུ་གན་རྒྱལ་དུ་ཉལ་ནས་ཕལ་ཆེར་ངལ་གསོ་རྒྱག་གིན་ཡོད་པ་ལྟར་སྣང་བས་མོ་ཁང་པའི་ཕྱི་ལ་ཐོན་གྲབས་ཡོད་དུས་ཏག་ཏག་དགེན་གྱིས་མོའི་མིང་ནས་བོས་བྱུང་། མོ་ལམ་སང་ཁ་ཕྱིར་འཁོར་ཏེ"ཨ་ཇོ་ལགས་གཟིམ་མེད་དམ། "ཞེས་དྲི་དུས་ཁོས་སྒྲ་སྙོམ་པོའི་སྒོ་ནས་"ང་ཅུང་བདེ་བོ་རང་མི་འདུག མགོ་ལ་ཚ་བ་ཧ་ཅང་མི་འདུག་གམ་"ཞེས་བཤད།

     གཞན་ཡུལ་གྱི་ཁེར་རྐྱང་གི་འཚོ་བ་དང་། མག་མོག་གི་ཆར་དུས་ཁྲོད་གཅོང་ནད་དུ་གྱུར་བའི་ཁོའི་ལུས་པོར་ལྟ་སྐྱོང་ཡག་པོ་བྱེད་མཁན་ཞིག་མཁོ་བ་འདྲ། ཨ་མའམ་གཅུང་མོའི་བྱམས་སྐྱོང་ཡོད་པའི་འཆར་སྣང་སྐྱེ་བའི་ཆེད་དུ། གདུ་བུའི་སྒྲ་སིང་སིང་དུ་སྒྲོག་པའི་སྐྱེད་མ་ཞིག་གི་ལག་པ་འཇམ་པོ་ཁོའི་ཐོད་པར་རེག་པའི་དྲན་སྣང་ཞིག་ལ་ཁོའི་སེམས་པ་ཕྱོགས་འགྲོ། འོན་ཀྱང་ད་ནི་གཞན་ཡུལ་ཡང་ཡིད་ཐང་ཆད་པ་ཞིག་མིན། ད་ཆ་ར་ཏན་ནི་བུ་མོ་ཆུང་ཆུང་དེ་མ་ཡིན་པར་ཨ་མ་ཞིག་གི་གོ་སར་འཕགས་ཏེ་གྲོང་ཚོའི་སྨན་པ་བོས་ཤིང་ནད་པར་དུས་ཐོག་ཏུ་སྨན་ཐུན་རྣམས་སྤྲོད་པ་མ་ཚད། མཚན་གང་ཁོའི་རྔས་འགྲམ་དུ་སྡོད་ཅིང་། ཁོར་འོ་ཐུག་བསྐོལ་བ་དང་། ད་ལྟ་ད་ལྟར་"ཨ་ཇོ་ལགས་ཅུང་དྲག་ཏུ་ཕྱིན་འདུག་གམ་"ཞེས་འདྲི་བར་བྱེད།

  སྦྲག་དཔོན་གྱིས་རང་གི་ཉམས་ཞན་དུ་གྱུར་བའི་ལུས་པོ་ནད་ཁྲི་ལས་ལངས་ཐུབ་ཙམ་གྱི་སྔ་རོལ་གྱི་ཉིན་ཞིག་ལ་"ད་ང་འདི་ལྟར་སྡོད་ཐུབ་ས་མི་འདུག་"ཅེས་ཤོད་ཀྱིན། "ང་གནས་སྤོས་ངེས་པར་དུ་བྱེད་དགོས་"ཞེས་ཐག་གཅོད་བྱས། ཁོས་གྲོང་ཚོ་དེར་རང་ཉིད་བདེ་ཐང་མེད་པ་བཤད་དེ་གནས་སྤོས་དགོས་རྒྱུའི་ཆེད་དུ་གྲོང་འཁྱེར་ཀ་ལ་ཀ་ཏར་གཏོང་རྒྱུའི་སྙན་ཞུའི་ཡི་གེ་ཞིག་བྲིས།
      མོ་རང་གི་ལས་འགན་ཏེ་ནད་གཡོག་གི་ལས་ཀ་ནས་ངལ་གསོ་རག་པས་ཡང་སྐྱར་བུ་མོ་ར་ཏན་སྔར་གྱི་མོ་རང་གི་སྡོད་ས་རྙིང་པ་རང་འཇགས་སུ་བསྡད་ཡོད། འོན་ཀྱང་རིང་པོར་མ་ཐོགས་པར་མོས་སྔར་གྱི་འབོད་བརྡ་དེ་ཐོས་རྒྱུ་མེད་པར་གྱུར། མོས་སྐབས་རེར་འཇབས་ཏེ་ག་ལེར་ནང་ལ་སྦྲག་དཔོན་ཅི་བྱེད་མིན་ལྟ་ཙམ་ལྟ་ཙམ་བྱེད། ཁོ་ནི་སྐབས་རེར་རྐུབ་བཀྱག་སྟེང་ལ་སྡོད་ཅིང་། ལ་རེར་ཉལ་ཁྲིའི་ཐོག་ཏུ་ལུས་ཡོངས་སུ་བརྐྱངས་ཏེ་ཉལ་ཞིང་།  ཡང་མཚམས་རེར་དྲན་མེད་དུ་ཤོར་པ་ཇི་བཞིན་ནམ་མཁར་ཅེར་ནས་སྡོད་པ་ཡིན། བུ་མོ་ར་ཏན་ཁོའི་འབོད་རྡར་བསྒུགས་པའི་རིང་ཁོ་ནི་སྙན་ཞུའི་ཡིག་ལན་ལ་བསྒུགས་བསྡད་ཡོད། བུ་མོ་དེས་མོ་ཡང་སྐྱར་བོས་ཚེ། སླར་ཡང་གསལ་བྱེད་ཉིས་སྦྱོར་གྱི་སྡེབ་ཀློག་སྐྱར་སྦྱོང་བྱེད་དགོས་ཐུག་ཡོང་སྙམ་པའི་ཞེད་སྣང་གིས་དེ་ལས་མཐར་ཆེད། དེ་སྔོན་གྱི་སློབ་ཚན་རྣམས་ཡང་ནས་སྐྱར་དུ་བཀླགས། མཐའ་མ་དེར་བདུན་ཕྲག་གཅིག་གི་རྗེས་སུ་དགོང་མོ་ཞིག་ལ་མོ་གཞི་ནས་བོས་བྱུང་། དགའ་བས་ཡིད་སེམས་སྨྱོས་ཏེ་མོས་ཤར་རྒྱག་ནང་ལ་ཕྱིན་ནས་"ཨ་ཇོ་ལགས་ཀྱིས་ང་བོས་སམ་"ཞེེས་དྲིས།
         ཁོས་"ང་སང་ཉིན་འདི་ནས་འགྲོ་རྒྱུ་ཡིན།"བཤད་པས་མོས་"ཨ་ཇོ། གང་དུ་ཕེབས་གྱི་ཡིན་ནམ།"ཞེས་དྲིས།
ཁོས་"ང་ནང་ལ་འགྲོ་གི་ཡིན།"ལབ་དང་མོས་"ཁྱེད་རང་ག་དུས་ཕྱིར་ལོག་ཡོང་གི་རེད།"ཅེས་དྲི་བར་ཐལ། "ང་ཕྱིར་ལོག་ཡོང་རྩིས་མེད།"ཅེས་བཤད། དེ་ནས་མོས་དྲི་བ་གཅིག་ཀྱང་མ་དྲིས། སྦྲག་དཔོན་གྱིས་མོར་ཁོའི་གནས་སྤོས་ཀྱི་སྙན་ཞུར་ངོས་ལེན་མ་བྱུང་པས་ད་ཆ་ལས་གནས་དེ་ནས་དགོངས་པ་ཞུས་ཏེ་ནང་ལ་ལོག་རྒྱུ་ཡིན་ཚུལ་བཤད།

     དུས་ཚོད་རིང་པོ་ཞིག་གི་རིང་ཁོ་ཚོ་གཉིས་སུས་ཀྱང་སྐད་ཆ་མ་བཤད། དཀར་མེ་མག་མོག་ཏུ་མཆེད་ཀྱིན་འདུག་ལ་ས་ངོས་སུ་ཡོད་པའི་རྫ་སྣོད་ཅིག་གི་ནང་དུ་རྩ་ཁང་གི་ཟུར་ངོས་ཤིག་ནས་ཆུ་ཐིགས་ག་ལེར་ག་ལེར་ཐིག་བཞིན་འདུག

       དུས་ཚོད་གང་མཚམས་ཤིག་གི་རྗེས་སུ་བུ་མོ་ར་ཏན་ལངས་ཏེ་ཐབ་ཚང་ལ་ཟ་མ་བཟོ་བར་ཆས། ཡིན་ནའང་དེ་སྔོན་གྱི་ཉི་མ་དེ་དག་དང་འདྲ་བར་དེ་ཙམ་གྱི་མྱུར་པོ་མེད་ཅིང་། བསམ་བློ་གསར་པ་མང་པོ་ཞིག་མོའི་ཀླད་པ་ཆུང་ཆུང་དེའི་ནང་དུ་འཁོར་འོང་། འགོ་པས་དགོང་ཟས་ཚར་པའི་རྗེས་སུ་གློ་བུར་དུ་མོས་"ཨ་ཇོ། ང་ཁྱེད་ཀྱི་ཁྱིམ་ལ་འཁྱེར་རམ་"ཞེས་དྲིས་བྱུང་།

     འགོ་པས་དེ་མ་ཐག་གོད་ཀྱིན། "ག་རེ་བསམ་གྱིན་ཡོད་ན་་་་་་།"ཞེས་བཤད་དེ་བུ་མོ་དེ་ལ་མོ་གར་སྡོད་ཀྱི་ཆོ་མེད་པའི་གནས་ཚུལ་ལ་འགྲེལ་བཤད་རྒྱག་རྒྱུར་དེ་ཙམ་གལ་ཆེན་པོ་མ་ཡིན་པར་བསམས།
མཚན་མོ་དེར་གཉིད་ཚད་པའི་དུས་དང་གཉིད་ལམ་ཡོངས་སུ་འགོ་པའི་དགོད་སྒྲ་དེས་མོ་ལ་འཇིགས་སྣང་སྐྱེ་རུ་བཅུག

     ཞོགས་པ་ལངས་དུས་སྦྲག་དཔོན་གྱི་འཁྲུད་ཆུ་གྲ་སྒྲིག་བྱས་འདུག ཁོ་ནི་གྲོང་མི་ཚོའི་ལུགས་སྲོལ་ལྟར་རྒྱུག་ཆུར་མཆོངས་ཏེ་འཁྲུས་རྒྱག་རྒྱུའི་ཚབ་ལ་སྣོད་ཆས་ཆེན་པོ་ཞིག་གི་ནང་དུ་ཆུ་བླུགས་ནས་དེའི་ནང་འཁྲུ་རྒྱུའི་གྲོང་འཁྱེར་ཀ་ལ་ཀ་ཏའི་གོམས་གཤིས་དེར་རྒྱུད་འཇགས་སུ་གྱུར་ཡོད། རྒྱུ་མཚན་འགའ་ཞིག་གི་རྐྱེན་པས་བུ་མོ་དེས་རང་གི་འགོ་པ་ནམ་ཞིག་དེ་ནས་འགྲོ་རྒྱུ་ཡིན་པའི་དུས་ཚོད་ཀྱང་འདྲི་མ་ནུས། བྱས་ཙང་མོས་ཉི་མ་མ་ཤར་པའི་དུས་ཡུན་རིང་པོའི་སྔོན་ལ་ཐག་རིང་གི་རྒྱུག་ཆུ་ནས་ཆུ་བླངས་ཏེ་སྦྲག་དཔོན་འཁྲུས་རྒྱག་འདོད་ཡོད་པའི་སྔོན་ལ་གྲ་སྒྲིག་བྱེད་ཐུབ་སྙམ། འཁྲུས་བརྒྱབས་པའི་རྗེས་སུ་མོ་བོས་བྱུང་། མོས་སྒྲ་གཅིག་ཀྱང་མ་བསྒྲགས་པར་ནང་ལ་འཛུལ་ནས་འགོ་པའི་བཀའ་མངགས་ཆེད་ཁོའི་གདོང་ལ་ཁུ་སིམ་མེར་བལྟས། འགོ་པས་མོར་"ཁྱོད་ཀྱིས་ང་འགྲོ་རྒྱུ་ཡིན་པར་སེམས་ཁྲལ་མ་བྱེད། ངས་ངའི་ལས་ཚབ་པར་ཁྱོད་ལ་ལྟ་སྐྱོང་བྱེད་རོགས་ལབ་ཆོག་"ཅེས་བཤད། ཚིག་འབྲུ་དེ་དག་ཤ་ཚ་བའི་དོན་ཡིན་པ་ཐེ་ཚོམ་མེད་མོད། འོན་ཀྱང་གོ་དཀའ་བར་འགྱུར་བ་ནི་བུད་མེད་ཚོའི་སེམས་ཀྱི་རང་གཤིས་ཡིན།

  དེ་སྔོན་བུ་མོ་ར་ཏན་གྱིས་མོའི་འགོ་པའི་ངག་ནས་རྒྱུ་མཚན་མེད་པའི་བཀའ་བསྐྱོན་མང་པོ་ཁུར་ཐུབ་ཀྱང་། ད་ལམ་གྱི་ཤ་ཚ་བའི་ཚིག་དེ་དག་མོས་ཁུར་མ་ཐུབ་པར་ལམ་སང་ངུ་བཞིན་ "མི་དགོས་མི་དགོས། ཁྱེད་ཀྱིས་ངའི་སྐོར་ལ་སུ་གཅིག་ལའང་ལབ་མི་དགོས། ང་འདི་རུ་སྡོད་འདོད་མི་འདུག་"ཅེས་བཤད་བྱུང་། སྦྲག་དཔོན་ནི་འོན་པ་བཞིན་དུ་གྱུར་འདུག ཁོས་དེ་སྔོན་མོ་འདི་ལྟ་བུར་གྱུར་པ་མཐོང་མ་མྱོང་།
       འགོ་པ་གསར་པ་ཏག་ཏག་དུས་ཐོག་ལ་སླེབས་ཤིང་སྦྲག་དཔོན་གྱིས་ལས་འགན་རྩིས་སྤྲོད་བྱས་ཏེ་འགྲོ་རྩིས་བྱེད་པའི་སྔོན་ཙམ་ལ་ཁོས་བུ་མོ་ར་ཏན་སྐད་བཏང་ཏེ། འགོ་པ་གསར་པ་དེར་"ང་ལ་རེ་བ་ཞིག་ཡོད། བུ་མོ་འདི་གང་ཙམ་རིང་ཁྱེད་ཀྱིས་ཉར་རོགས།" ཞེས་རེ་ཞུ་བྱས། ད་དུང་སྦྲག་དཔོན་གྱིས་རང་གི་འགྲོ་འགྲོན་ལ་དངུལ་ལྡང་ཙམ་ཞིག་བཞག་ནས་ཟླ་བ་གང་ཚང་གི་གླ་ཕོགས་ཁུག་མ་ནས་བཏོན་བྱུང་། དེ་མ་ཐག་བུ་མོ་ར་ཏན་ཁོའི་རྐང་པར་འཐམས་ཏེ་"ཨ་ཙི། ཇོ་ལགས་ང་ལ་གང་ཡང་མ་སྤྲོད། ངའི་དོན་དུ་སེམས་ཁྲལ་བྱེད་མི་དགོས།" ཞེས་བཤད་དེ་ལམ་སང་ཁོའི་མཐོང་ཡུལ་ནས་ཕྱིན་སོང་།

སྦྲག་དཔོན་གྱིས་ཡར་ལྟ་ཞིག་བྱས། འགྲུལ་པའི་ཁུག་སྒྱེ་ཁུར་ཏེ་ཕྲག་པར་ཆར་གདུགས་འཁྱེར་བཞིན་ཁ་དོག་སྣ་ཚོགས་ཀྱིས་རྒྱན་པའི་སྣོད་ལུག་ལྕགས་གདུང་ཁུར་པའི་མི་ཞིག་དང་མཉམ་དུ་ག་ལེར་གྲུར་བསྡད།
.
ཁོ་རང་གྲུ་ནང་ལ་བསྡད་དེ་གྲུ་འགྲོ་འགོ་ཚུགས་པ་དང་ཆར་ཆུས་རྒྱས་སུ་བཅུག་པའི་རྒྱུག་ཆུ་ནི་ས་ཆེན་ནས་འཇོ་བའི་མིག་ཆུའི་རྒྱུན་ཞིག་དང་འདྲ་བར་འཁོར་བཞིན་འཁོར་བཞིན་གྲུ་ཤམ་དུ་ངུ་སྒྲ་འབྱིན་པར་བྱེད། དེས་ཁོའི་སེམས་ལ་ན་ཟུག་ཞིག་ལངས་སུ་བཅུག བརྗོད་མ་ཐུབ་པའི་ས་འཛིན་གྱི་མ་ཡུམ་ཆེན་མོའི་དཀའ་སྡུག་ནི་མི་འདོད་པའི་སེམས་སྡུག་གིས་ཡོངས་སུ་མནར་བའི་གྲོང་གསེབ་ཀྱི་བུ་མོ་ཆུང་ཆུང་དེའི་ཞལ་རས་ཀྱིས་མཚོན་པ་ལྟར་སྣང་། སྐབས་ལ་རེར་ཁོ་རང་ཕྱིར་ལོག་སྟེ་འཇིག་རྟེན་གྱིས་ཁེར་རྐྱང་དུ་བསྐྱུར་བའི་བདག་མེད་མ་དེ་ལེན་དུ་འགྲོ་འདོད་ཀྱི་འདུན་པའང་སྐྱེས་འོང་། འོན་ཀྱང་རླུང་བུས་གཡོར་གྲུ་བདས་ཤིང་དྲག་ཏུ་འཕྱོ་བའི་ཆུ་རླབས་ཀྱི་དཀྱིལ་དུ་སླེབས་ཚར་བའི་ཁོ་ཚོས་སྔ་ས་ནས་གྲོང་གསེབ་དེ་རྒྱབ་ཏུ་བསྐྱུར་ཟིན། རྒྱང་རིང་དུ་ལུས་པའི་གྲོང་ཚོ་ཆུང་ཆུང་དེ་མཐོང་ཡུལ་ནས་ཡལ་པར་གྱུར།

ཁོ་ཚོ་དྲག་ཏུ་རྒྱུ་བའི་གཙང་ཆུའི་དཀྱིལ་དུ་སླེབས་དུས་རང་གིས་རང་ལ་གྲངས་མེད་པའི་འཇིག་རྟེན་གྱི་འདུ་བྲལ་ཐོག "འཆི་ཁའི་དགྱེས་ཁར་ཡོད་ཚད་ལ་ཕྱིར་ལོག་མེད།"ཅེས་པའི་མཚན་ཉིད་རིག་པའི་ཕྱིར་འདང་ཞིག་བརྒྱབས་ཏེ་སེམས་གསོ་བྱས།

      འོན་ཀྱང་བུ་མོ་ར་ཏན་ལ་དེ་ལྟ་བུའི་མཚན་ཉིད་རིག་པའི་ལྟ་སྟངས་མེད། མོ་ནི་རྒྱུན་ཆད་མེད་པའི་མཆི་མའི་ཆུ་རྒྱུན་འཇོ་བཞིན་སྦྲག་ཁང་གི་ཉེ་ཁོར་དུ་འཁྱམས་བསྡད་ཡོད། གཅིག་བྱས་ན་ཨ་ཇོ་ལགས་ཕྱིར་ལོག་ཡོང་རྒྱུའི་རེ་བ་ཞིག་མོའི་སྙིང་གི་ཟ་ཟུར་གང་ཞིག་ཏུ་ཡོད་པ་དེ་ཡང་ཡིན་སྲིད།  གང་ལྟར་མོ་ས་དེ་དང་བྲལ་ཏེ་ཐག་རིང་ལ་འགྲོ་མ་ཕོད། ཀྱེ་མ་མིའི་རིགས་ཀྱི་གླེན་རྟགས་ཚ་བའི་རང་བཞིན་དེ་ཨང་། འུ་ཚོའི་བྱབ་ཆུང་གི་ནོར་འཁྲུལ་མང་པོ་ཞིག་མུ་མཐུད་གནས་ཡོད། གནས་ལུགས་ཀྱི་ཆོས་ཉིད་ཀྱིས་ང་ཚོའི་ནོར་འཁྲུལ་བདེན་མཐའ་འབུད་པར་དུས་ཡུན་རིང་པོ་འགོར་བ་ཡིན། ནོར་འཁྲུལ་ལྷང་ལ་མ་འབུད་པའི་སྐབས་སུ་བདེན་དཔང་ཡིན་ངེས་པ་ཡོད་ཚད་ལ་ང་ཚོས་ཡིད་ཆེས་མི་བྱེད།  ནོར་འཁྲུལ་ཅན་གྱི་རེ་དོགས་ཀྱིས་རང་གི་སྙིང་ཁྲག་འཇིབས་ནས་སྐམས་པར་མ་བྱས་བར་དུ། ནུས་ཤུགས་ཡོད་ཚད་སྤྱད་དེ་དེར་འཁེན་པར་བྱེད་ཅིང་། དེ་ནས་བཙན་གྱིས་འབྲེལ་ཐག་མེད་པར་བྱས་ཏེ་གཞི་ནས་ཁ་དགྱེས་པ་ཡིན། དེའི་རྗེས་སུ་ལམ་ནོར་འཐེབས་པ་ངོས་བཟུང་ནས་འགྱོད་གདུངས་ཀྱིས་མནར་ནའང་། ཡང་སྐྱར་མུ་མཐུད་དུ་དེ་ལྟ་བུའི་ལམ་ནོར་གྱི་དྲ་བར་ཕྱོགས་རྒྱུའི་ཞེན་པ་སྐྱེ་བ་ཡིན།
                                                  ཕྱི་ལོ་༢༠༡༣ ཟླ་༡༢ཚེས་༢༩ ཉིན་བསྒྱུར་ཚར་བར་བྱས།